top of page

རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་བའི་སྐབས་ཀྱི་ལོ་རྒྱུས།
ད་ནི་གཉིས་པ་རྒྱ་གར་འཕགས་པའི་ཡུལ་དུ་དཔལ་ལྡན་ལྷོ་པ་ཁང་ཚན་གྱི་ལོ་རྒྱུས་སམ་བྱུང་རབས་དེ་གླེང་ན། ཐོག་མར་གྲྭ་མང་སྤྱི་མཚུངས་ལྟར་ལྷོ་པ་ཁང་ཚན་གྱི་དགེ་འདུན་བརྒྱད་བཅུ་གྱ་བདུན་ཙམ་བོད་ས་སྨྲ་སྒོ་ལ་བརྒྱུད་ནས་མི་སུ་མ་རི་ལ་ཕེབས། དེ་ནས་ཌ་ལ་ཝ་སི་དང་། ལམ་བཟོ་ལ་ཕེབས་མཁན་མང་དག་ཅིག་བྱུང་བ་ཕུད་སྦག་ས་ལ་བཞུགས་མཁན་དགེ་འདུན་ཞལ་གྲངས་སུམ་ཅུ་ཙམ་ཡོད། དེ་ནས་འགའ་ཞིག་ཝཱ་ར་ཎ་སིའི་སློབ་དགེ་དང་། འགའ་ཞིག་སློབ་ཕྲུག འགའ་ཞིག་བོད་གཞུང་གི་དགེ་རྒན་འོས་སྦྱོང་། གཞན་ཡང་དང་བླང་དམག་སྦྱོང་བཅས་ལ་ཕེབས་མཁན་མི་ཉུང་བ་ཞིག་ཡོད་པ་ཕུད་དེ་བྱིངས་དགེ་འདུན་ཞལ་གྲངས་བཅུ་གསུམ་ཙམ་ཕྱི་ལོ་ ༡༩༦༩ ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ལ་ཕེབས་ཐུབ་ཡོད།
སྐབས་དེར་རྒྱ་གར་གཞུང་གིས་དགེ་འདུན་པ་ལྔ་རེ་ལ་རས་གུར་རེ་གནང་བ་དེའི་ནང་དུ་བཞུགས། དེ་ནས་གྲྭ་པ་སོ་སོས་དཀའ་ལས་རྒྱབ་སྟེ་རྩྭ་དང་སྨྱུག་མ་སོགས་བཅད་ནས་རྩྭ་ཁང་བཟོས་པ་དེའི་ནང་གནས་གཞི་བཅས། དེ་ནས་དུས་ཡུན་གང་འཚམས་ཀྱི་རྗེས་རྒྱ་གར་གཞུང་གིས་གྲྭ་པ་གཉིས་རེ་ལ་རྫ་ཐོག་ཅན་གྱི་ཁང་པ་རེ་གསོལ་རེས་གནང་བ་དེའི་ནང་བཞུགས། སྐབས་དེར་འཚོ་བ་དང་སྡོད་གནས་སོགས་གང་ཅི་ཐད་ནས་སྐུ་ངལ་ཆེ་ན་ཡང་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སློབ་གཉེར་ཚུལ་བཞིན་གནང་བ་སོགས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བགྱིས་པ་དང་། སྔོན་གྱི་ཕྱག་བཞེས་བཟང་པོ་མི་ཉམས་རྒྱུན་འཛིན་ཐུབ་པ་སོགས་ནི་བཤད་པར་དཀའ་བའི་བླ་ན་མེད་པའི་མཛད་རྗེས་ཤིག་ཡིན། དགེ་འདུན་གྱི་སྡེ་ཞིག་ཡོད་ན་ཆོས་ཕྱོགས་ཀྱི་མཛད་རིམ་ཞིག་ཡོད་པ་བཤད་ཅི་དགོས། དཔལ་ལྡན་ལྷོ་པ་ཁང་ཚན་གྱི་དགེ་འདུན་རྣམས་ཀྱང་ཚོགས་འཚོགས་པའི་གནས་གཞི་ཞིག་ཟུར་དུ་དགོས་ཀྱང་འཁོས་འབྱོར་གྱིས་རྐྱེན་པས་རེ་ཞིག་སྡོད་ཁང་གི་ནང་དུ་ཚོགས་འཚོགས་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྒྲུབ་ཀྱི་ཡོད་པས་ཁང་ཚན་གྱི་ཚོམས་དང་པོ་དེ་ཡིན་ཞེས་བཤད་ཀྱང་ཆོག །དེ་ནས་བླ་མ་མཉམ་འབྲེལ་གྱི་ཁང་པའི་ནང་ཚོགས་འཚོགས་པ་སོགས་བྱེད་ཀྱི་ཡོད་པས་ཁང་ཚན་གྱི་ཚོམས་གཉིས་པ་དེ་ཡིན། འདི་ནི་ཐོག་མར་ཁང་བླ་སྤྲད་ནས་གཡར། དེ་ནས་རིན་པ་སྤྲད་ནས་ཉོས་པ་ཡིན། ནང་རྟེན་གྱི་ཐོག་མ་རྗེ་ཡབ་སྲས་གསུམ་གྱི་སྐུ་དེ་དེའི་སྐབས་སུ་ཡོད། དེ་ནས་རིམ་བཞིན་ཝཱ་ར་ཎ་སི་ལ་ཕེབས་པའི་སློབ་དགེ་དང་དེ་བཞིན་དགེ་ཕྲུག །དང་བླང་དམག་ཟུར་བཅས་དགོན་པར་ཞབས་སོར་འཁོད་པ་དང་། གཞིས་བྱེས་འགྲོ་འོང་གི་འབྲེལ་བ་བྱུང་སྟེ་བོད་ནས་གསར་དུ་འབྱོར་བ་མང་བ་བཅས་དགེ་འདུན་ཞལ་གྲངས་བརྒྱ་ཕྲག་གཉིས་ལ་ཉེ་བ་འཕེལ་ནས་སྡོད་ཤག་དང་ཚོམས་སོགས་ཀྱི་དཀའ་ངལ་ཆེ་བར་བརྟེན་རང་ཁུངས་ཀྱི་རྒན་པ་རྣམས་ནས་སྐུ་ངལ་འཛེམ་མེད་ཐོག་ཕྱོགས་མཐར་ཁག་ལ་སློང་དེབ་ཁྱེར་ནས་སློང་མོ་གང་འཚམས་བྱས་ཡོད་གཙོ་བོ་བཀྲིན་གྱི་བདག་ཉིད་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཚུལ་ཁྲིམས་རྒྱལ་མཚན་མཆོག་ནས་ནུབ་ཕྱོགས་ཨ་རི་ས་ཁུལ་དུ་ཐུབ་བསྟན་དར་རྒྱས་གླིང་གི་ཆོས་ཚོགས་གསར་འཛུགས་གནང་བ་དང་། དགེ་བཤེས་མཆོག་ནས་ཁང་ཚན་ལ་འཕྲད་བཞིན་པའི་ཚོམས་དང་གྲྭ་ཤག་སོགས་ཀྱི་དཀའ་ངལ་རྣམས་ལ་གཟིགས་པ་ཆེན་པོས་རོགས་རམ་གྱི་མཐུན་འབྱོར་ཕྱག་དངུལ་ཁྱོན་ཆེན་བཀྲིན་སྩལ་བ་ལ་བརྟེན་ནས། བོད་རྒྱལ་ལོ། ༢༡༡༣ ཕྱི་ལོ་ ༡༩༨༦ ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་ཕྱོགས་སུ་དེ་སྔོན་གྲྭ་ཚང་གིས་གནང་བའི་ས་སྐལ་དང་། བླ་མ་མཉམ་བྲེལ་གྱི་ལག་ནས་ཉོས་པའི་ས་ཆ་བཅས་གྲྭ་ཚང་རིན་པོ་ཆེ་ལ་ཕུལ་ནས་གྲྭ་ཚང་གིས་དེའི་ཚབ་ཏུ་གནང་བའི་ས་ཆ་ཁང་ཚན་ལ་རང་བདག་ཡོད་པ་དེའི་སྟེང་དུ་ལྷོ་པ་ཁང་ཚན་ཀྱི་ཚོམས་ཀ་བ་དྲུག་ཡོད་པ། སྟེང་ཐོག་ཏུ་གཟིམ་ཆུང་སོགས་མདོ་སྦུག་གཉིས་ལྡན་གྱི་ཤག་གསུམ་དང་ཤག་དཀྱུས་མ་གསུམ་བཅས་ཡོད། གཞན་ཡང་གྲྭ་ཤག་ཐོག་བརྩེགས་གཉིས་ཅན་མདོ་སྦུག་གཉིས་ལྡན་གྱི་ཤག་ལྔ་དང་དཀྱུས་མ་ཉི་ཤུ་རྩ་གསུམ། སྟེང་ཤོད་གཉིས་ལ་ཁྲུས་ཁང་དྲུག་དང་གསང་སྤྱོད་དྲུག །གཉེར་ཁང་དང་རུང་ཁང་ཤག་མིག་གཉིས། གཞན་ཡང་སྒོ་རྭའི་ནང་དང་། རྩིག་པའི་མཐའ་སྐོར་བཅས་ལ་རྡོ་གཅལ་གང་ལེགས་དང་། ཁང་པའི་གཡས་གཡོན་དུ་ཆུ་ཡུར་དང་། ཆབ་ཁང་སོགས་ལ་ཆུ་འདྲེན་བྱེད་ཀྱི་འབྲིང་བ་སྤུས་ལེགས་གཅིག་བཅས་དང་། ཕ་རན་སིར་གནས་ཞུགས་དགེ་བཤེས་བློ་བཟང་ཐུབ་བསྟན་ལགས་ནས་རོགས་རམ་མཐུན་འབྱོར་གནང་ནས་ཁང་པའི་མདུན་ངོས་ཀྱི་ལམ། དགེ་འདུན་རྣམས་ཀྱི་ན་བཟའ་སོགས་འཁྲུལ་བྱེད་དང་། ཚལ་ཞིང་ནང་ལ་ཆུ་འདྲེན་བྱེད་བཅས་ལ་དམིགས་ཏེ་མི་ཤུགས་ལག་བསྒུལ་གྱི་ཆུ་འདྲེན་འཕྲུལ་འཁོར་གཅིག་བཅས་གསར་བསྐྲུན་ཐུབ་པ་བྱུང་ཡོད། མཐུན་རྐྱེན་དེ་དག་ལོངས་སུ་སྤྱད་དེ་ལོ་མང་རིང་བཞུགས།
གནས་སྐབས་དེར་མཐུན་རྐྱེན་གང་ལེགས་ཡོད་ཀྱང་རིམ་པ་བཞིན་བོད་ནས་གསར་དུ་འབྱོར་བ་དང་རྒྱ་གར་བྱང་རྒྱུད་ནས་གྲྭ་རྒྱུན་གསར་ཞུགས་པ་མང་དག་ཅིག་བྱུང་བས་སྡོད་ཤག་གི་དཀའ་ངལ་ཅི་ཆེར་འཕྲད་སྐབས་རང་ཅག་རྣམས་ལ་བཀའ་དྲིན་གྱི་བདག་ཉིད་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཚུལ་ཁྲིམས་རྒྱལ་མཚན་མཆོག་མོན་གྷོ་དགའ་ལྡན་དུ་ཆིབས་བསྒྱུར་བསྐྱངས་སྐབས། རང་གྲྭ་གནས་བརྟན་བགྲེས་སོང་རྣམས་ཀྱིས་གཙོས་ཁང་ཚན་གྱི་ལས་བྱེད་རྣམས་ཀྱིས་དགེ་བཤེས་མཆོག་ལ་དངོས་ཡོད་ཀྱི་གནས་ཚུལ་རྣམས་སྙན་སེང་ཞུས་པ་ན་དགེ་བཤེས་མཆོག་ནས་ཀྱང་ཐུགས་དགོངས་ཆེ་བཞེས་ཀྱིས་ལོ་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆོས་ཕྱོགས་ཀྱི་ཐོག་ནས་འཁྲབ་སྟོན་མཛད་རིམ་ཞིག་གོ་སྒྲིགས་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པར་བརྟེན་ཁང་ཚན་གྱི་དགེ་འདུན་པ་ཁག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དཀའ་བ་ཁྱད་བསད་ཀྱིས་ཕེབས་ཏེ་ཡོང་འབབ་གང་འཚམས་བྱུང་ཡོད། དེའི་ཁོངས་ནས་ཐོག་མར་གྲྭ་ཚང་རིན་པོ་ཆེ་ལ་བསྙེན་བཀུར་གྱ་ནོམ་པ་དང་སྤྱི་འབུལ་བཅས་འབུལ་ལམ་ཞུས། དེ་ནས་སྔོན་གྱི་དམིགས་ཡུལ་བཞིན་ཕྱི་ལོ་༢༠༠༤ཟླ་༡༡་ནང་སྔར་གྲྭ་ཚང་གིས་གནང་བའི་ས་ཆ་ཕྱེད་ཀ་ས་སྟོང་དུ་ལྷག་ཡོད་པ་དེའི་སྟེང་གྲྭ་ཤག་གསར་པ་ཐོག་བརྩེགས་བཞི་ཅན། གྲྭ་པ་དཀྱུས་མ་བཞུགས་ས་ཁང་པ་མདོ་སྦུག་གཉིས་ལྡན་མཐོ་ཡངས་གསལ་གསུམ་དང་རྒྱབ་མདུན་གཉིས་ཀར་འཁོར་ཁེབས་ལྡན་པ་གྲངས་སོ་དྲུག་དང་། གནས་བརྟན་བགྲེས་སོང་རྣམས་བཞུགས་ཡུལ་ཁྲུས་ཁང་དང་གསསང་སྤྱོད་རུང་ཁག་བཅས་རང་འགྲིག་ཡོད་པ་བཞི། ཁང་ཚན་གྱི་ཁོངས་གཏོགས་ཕྱི་རྒྱལ་ལ་བཞུགས་པ་རྣམས་ཕེབས་སྐབས་བཞུགས་ས་དང་། འབྲེལ་ཡོད་བླ་མ་རྣམས་དང་རྒྱུན་དུ་འབྲེལ་ཡོད་ཀྱི་འགྲུལ་པ་རྣམས་བཞུགས་ས་ཁྲུས་ཁང་དང་གསང་སྤྱོད་རུང་ཁང་བཅས་མཐུན་རྐྱེན་ཚང་བའི་འགྲོན་ཁང་གསུམ། གཞན་ཡང་བླ་བྲང་གི་ཚོད་དུ་ཁང་པ་མདོ་སྦུག་གཉིས་དང་རུང་ཁང་། དེ་བཞིན་ཁྲུས་ཁང་དང་གསང་སྤྱོད་བཅས་ཚང་བ་གཉིས། དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཚུལ་ཁྲིམས་རྒྱལ་མཚན་མཆོག་གི་གཟིམ་ཤག་མདོ་སྦུག་གཉིས་དང་། ཁྲུས་ཁང་གསང་སྤྱོད་རུང་བཅས་ཚང་བ་གཅིག ཁང་ཚན་ཤེས་ཚོགས་ཀྱི་ལས་འགུལ་ཁང་མིག་གཉིས། བཀའ་བསྟན་སོགས་དཔེ་ཆ་བལྟ་ཀློག་གནང་ས་དཔེ་མཛོད་ཁང་ཆེ་བ་གཅིག ཟུར་དུ་ཁྲུས་ཁང་བཅུ་དྲུག་དང་གསང་སྤྱོད་བཅུ་དྲུག འོག་ཟུར་དུ་ན་བཟའ་འཁུ་ས་ཁྲུས་གཞོངས་དང་ཁྲུས་སྟེགས། གཞན་ཡང་ཐོག་བརྩེགས་བཞི་སོ་སོར་ཞལ་ཁྲུས་གནང་ས་ཁྲུས་ཀྱི་གཞོངས་པ་བཞི། སྟེང་ཐོག་ཏུ་ཤག་ཆུང་གཅིག་བཅས་གང་ལེགས་ཡོད། གཞན་ཡང་གཞུང་གློག་དང་ཉི་གློག་གཉིས་ཀའི་ཆུ་འཐེན་འཕྲུལ་འཁོར། གྲྭ་ཤག་ཐམས་ཅད་ཀྱི་ནང་དུ་ཉི་གློག །ཤུགས་ཚད་ཆེ་བའི་སྐམ་གློག་བཅས་ཕྱི་ནང་གང་ས་ནས་གྲ་འགྲིགས་སྤུས་དག་པ་ལེགས་སྒྲུབ་ཐུབ་པ་བྱུང་ཡོད།།
Work Experience
June 2025 - April 2026
July 2024 - May 2025
January 2023 - June 2024
This is a Job Description. Briefly describe your specific position, including details about important achievements and milestones. Make sure to include relevant skills and highlights, and don't forget to adjust the timeframe in the subtitle.
This is a Job Description. Briefly describe your specific position, including details about important achievements and milestones. Make sure to include relevant skills and highlights, and don't forget to adjust the timeframe in the subtitle.
This is a Job Description. Briefly describe your specific position, including details about important achievements and milestones. Make sure to include relevant skills and highlights, and don't forget to adjust the timeframe in the subtitle.

bottom of page