top of page

ད་ལྟའི་སྐབས་ཀྱི་འཛིན་སྐྱོང་སྐོར།

ཁང་ཚན་དགེ་རྒན་མི་གཅིག དབུ་མཛད་གཅིག  ཤེས་ཚོགས་མི་གསུམ། གཉེར་པ་མི་གཉིས་བཅས་ཡོད། མ་ཚད་བདེ་མཆོག་འཚོགས་སྐབས་ལས་ཁུར་བཞེས་མཁན་མི་གཅིལ་ཟུར་བསྐོས་གནང་ཡོད།

ཁང་ཚན་རྒན་གྱི་ཐུགས་འགན་གཙོ་བོ་ནི།

ཁང་ཚན་ནང་གི་སྐུ་གསུང་ཐུགས་རྟེན་དང་། མཆོད་པའི་ཡོ་བྱེད་ཐམས་ཅད་རྩིས་སྤྲོད་རྩིས་ལེན་དང་། ཁང་ཚན་ནང་ཁྲིམས་སྒྲིག་ལམ་དང་། ཁང་ཚན་ནང་དུས་ཐོག་ཚོགས་ཆོས་སོགས་ཕེབས་འདུག་མིན་ལྟ་རྟོག་གནང་རྒྱུ་དང་། ཁང་ཚན་འབྲེལ་ཡོད་སྦྱིན་བདག་ཁག་ནས་མང་ཇ་དང་། གྲྭ་ཇ་སོགས་འབུལ་ལམ་ཞུ་རྒྱུ་ཡོད་ཚེ་མཁན་རིན་པོ་ཆེ་དང་། མཁན་ཟུར་རྣམ་པ་སོགས་བླ་ཆེན་རྣམས་ཚོགས་ཕེབས་ཞུ་རྒྱུ་དང་། ཞལ་ངོ་དང་དགེ་བསྐོས་སོགས་ལ་སྙན་གསན་འབུལ་རྒྱུས་མཚོན་ཞུ་སྒོ་ཁག་ཆ་ཚང་གནང་དགོས། གཞན་ཡང་ཁང་ཚན་ནང་ཚོམས་ཇ་རིང་ཐུང་དང་། དམ་བཅའ་རིང་ཐུང་སོགས་ལ་བརྡ་ལན་དང་ལྟ་རྟོག་གནང་རྒྱུ་དང་། ཚོགས་དང་ཆོས་རྭ། དེ་བཞིན་གུང་སེང་སོགས་དགོངས་ཞུས་རིགས་ལ་དོ་དམ་མཚན་རྟགས་གནང་རྒྱུ་བཅས་ཡིན། ཁང་ཚན་གྱི་གྲྭ་པ་དབུ་མ་ལོ་རིམ་གཉིས་པ་ཡན་མཚན་ཐོའི་རིམ་པ་ལྟར་འགྲོ་དགོས། ལས་ཡུན་ལོ་གཅིག་ཡིན།

དབུ་མཛད་ཀྱི་ཐུགས་འགན་ནི།

ལྷ་མོའི་ཚེས་གཏོར་དང་། སྐུ་རིམ་ཆེན་མོ་སོགས་གཅོ་བོར་བྱས་པའི་ཐོག་རྒྱུན་གྱི་ཟླ་བསྐང་དང་། ཞབས་རིམ་བཅས་ཁང་ཚན་དུ་ཚོགས་འཚོགས་དགོས་ཀྱི་རིགས་གང་ཡོད་ཐུགས་འགན་བཞེས་དགོས། གྲྭ་མང་གི་འོས་བྱས་ཏེ་འོས་ཐོན་བྱུང་བ་རྣམས་དཔའ་ལྡན་ལྷ་མོའི་སྐུ་མདུན་དུ་ཟན་རྟགས་བསྒྲིལ་ནས་གང་ཐོན་པ་དེ་དབུ་མཛད་དུ་བསྐོ་བཞག་གནང་དགོས། ལས་ཡུན་མ་མཐའ་ལོ་ལྔ་ཡིན། ལས་ཡུན་ལོ་ལྔ་ཚང་བར་དབུ་མཛད་གནང་ན་ཁང་ཚན་གྱི་ལས་གནས་གཞན་རྣམས་དམིགས་བསལ་ཡིན། གལ་སྲིད་དབུ་མཛད་དངོས་མ་ཁོམ་པའི་རྐྱེན་གྱིས་ཚབ་འཇོག་དགོས་བྱུང་ན་དབུ་མཛད་ཀྱི་བཞུགས་ཁྲིའི་སྟེང་བཞུགས་སྲོལ་མེད། རྒྱུ་མཚན་ནི་པཎ་ཆེན་བསོད་ནམས་གྲགས་པས་ཁང་ཚན་འདིའི་གནང་བའི་ལོ་རྒྱུས་ལྡན་པས་དེའི་བཞུགས་ཁྲིའི་སྟེང་དབུ་མཛད་དངོས་མིན་པ་བཞུགས་མི་ཆོག་པ་ཡིན། འོན་ཀྱང་པཎ་ཆེན་རིན་པོ་ཆེས་དབུ་མཛད་གནང་ཕྱོགས་དང་གནང་བའི་ལོ་དུས་སོགས་ནི་ད་ཕན་མ་མཐོང་།

ཤེས་ཚོགས་མི་གསུམ་གྱི་ཐུགས་འགན་ནི།

ཁང་ཚན་ནང་གི་དངུལ་ཆས་ཙག་ཙིག་དང་། ཞལ་ཐང་། བཞུགས་གདན་སོགས་དངོས་ཆས་རིགས་རྩིས་སྤྲོད་རྩིས་ལེན་དང་། གཞན་ཡང་སྦྱིན་བདག་ཁག་གི་སྤྱི་འབུལ་སྔར་གྱི་མ་དངུལ་ཁག་རྣམས་བདག་ཉར་བྱས་པ་རྣམས་རྒྱུན་དུ་ཟླ་བསྐང་དང་། ཆོས་ཕྱོགས་མཛད་ཆེན་ཁག་ལ་གཏང་རྒྱུ་དང་། འབྲེལ་ཡོད་ཕྱི་ནང་གི་སྦྱིན་བདག་འགྲུལ་བཞུགས་ལ་སྣེ་ལེན་དང་། ཞལ་ལག་སོགས་འབུལ་རྒྱུ། ཕྱོགས་མཐའ་ཁག་ནས་ཚོམས་ཇ་རིང་ཐུང་གི་སྦྱིན་བདག་ཁག་བྱུང་ཚེ་ཁང་རྒན་དང་། ཁང་གཉེར་ལ་སྔོན་བརྡ་འབུལ་རྒྱུ་བཅས་ཡིན། སྦྱིན་བདག་ཁག་ལ་ཡིག་འབྲེལ་དང་། ཕྲུ་གུའི་རོགས་དངུལ་དང་། གཞན་ཡང་དམིགས་བསལ་སྦྱིན་བདག་ཁག་གིས་གནང་བའི་མ་དངུལ་རྣམས་དངུལ་ཁང་དུ་བཅོལ་འཇོག་བྱ་རྒྱུ་དང་། དེའི་སྐྱེད་ཆ་རྣམས་སློབ་གཉེར་བ་ཨང་རིམ་སོན་པ་རྣམས་ལ་ལེགས་སྐྱེས་གསོལ་རས་དང་། ཁང་ཚན་གྱི་སློབ་ཕྲུག་ཆུང་བ་རྣམས་ལ་དེབ་དང་སྨྱུ་གུ་སོོགས་འབུལ་གྱི་ཡོད། གཞན་ཡང་ཁང་ཚན་གྱི་གྲྭ་རིགས་ནད་མནར་གྱིས་སྨན་ཁང་དུ་ཉལ་དགོས་ཚེ་སྨན་རིན་ཕྱེད་འབབ་འབུལ་རྒྱུ་དང་། གྲྭ་མང་སྤྱི་ཡོངས་ནས་སློབ་གཉེར་ཡར་རྒྱས་ཡོང་བར་འཕྲོད་བསྟེན་དང་། བཞུགས་ཡུལ་སོགས་ཀྱི་ཁྱད་པར་ཧ་ཅང་ཆེ་བས་ཁང་ཚན་གྱི་ཚོམས་དང་གྲྭ་ཤག་གསར་རྙིང་གི་ཕྱིའི་ཚོན་གསོལ་དང་། ཕྱི་ནང་གི་སྐྱོན་ཤོར་ལེགས་བཅོས་དང་འཁོར་ཡུག་བཅས་ཀྱི་གཙང་བཟོའི་འགན་བཞེས་གནང་རྒྱུ་བཅས་ཡིན། ལས་མི་འདི་གསུམ་གྲྭ་མང་གིས་འོས་བསྡུ་བྱས་ནས་བསྐོ་བཞག་གནང་དགོས། ལས་ཡུན་ལོ་གསུམ་ཡིན།

གཉེར་པ་གཉིས་ཀྱི་ཐུགས་འགན་ནི།

འབྲེལ་ཡོད་ཁང་ཚན་ཁུངས་ནས་མང་ཇ་དང་གྲྭ་ཇ་རིང་ཐུང་འབུལ་མཁན་ཡོད་ཚེ་སྦྱིན་བདག་སོ་སོས་ཞབས་རིམ་གང་མངག་པ་བཞིན་གཉེར་པ་གཉིས་ནས་མཆོད་བཞེངས་འགན་འཁུར་གནང་དགོས་པ་མ་ཟད་གྲྭ་ཚང་ལ་དགེ་བཤེས་གཏོང་སྒོ་བྱུང་ཚེ་ཞལ་ལག་བཟོ་མཁན་འགྲོ་རེས་གཏང་རྒྱུ་དང་། ཁང་ཚན་ལ་ཡང་སྦྱིན་བདག་ཁག་ནས་ཞབས་རིམ་ཇི་ཡོད་ཀྱི་མཆོད་པ་བཞེངས་རྒྱུ། གསོལ་ཇ་དང་ཞལ་ལག་སོགས་གང་དགོས་སྐབས་བསྟུན་ལས་སྒོ་རྣམས་བསྒྲུབ་དགོས། གཞན་ཡང་ཁང་ཚན་གྱི་ཕྱི་ནང་སྦྱིན་བདག་ཁག་ལ་གསོལ་ཚིགས་འབུལ་སྐབས་ཞལ་ལག་བཟོ་རྒྱུ་དང་། ཁང་ཚན་ནང་ཞལ་ལག་བཟོ་མཁན་འགྲོ་རེས་ཀྱི་བརྡ་ལན་སྐྱེལ་རྒྱུ་བཅས་ཡིན། བདེ་མཆོག་གཉེར་པ་ནས་བདེ་མཆོག་གི་སྒྲུབ་མཆོད་འཚོགས་སྐབས་ཁང་ཚན་གསུམ་གྱི་གཉེར་པ་རྣམས་དང་མཉམ་དུ་སྐབས་དེའི་ལས་སྒོ་ཆ་ཚང་བསྒྲུབ་དགོས་པ་སོགས་འདི་ག་ལྷོ་པ་ཁང་ཚན་གྱི་དབུ་མཛད་ནས་གཙོས་པའི་གཉེར་པ་སོགས་ལས་བྱེད་ཁག་གི་སྐབས་དོན་གྱི་ལས་དོན་བྱ་ཕྱོགས་སྐོར་ཕྱོགས་བསྡུས་སུ་བཀོད་པའོ།།

Let's Get
Social

  • Facebook
  • Twitter
  • LinkedIn
  • Instagram
bottom of page