top of page

ཁང་ཚན་ནང་ཆོས་ཕྱོགས་ཀྱི་མཛད་རིམ་སྐོར།

དགའ་ལྡན་ལྷོ་པ་ཁང་ཚན་གྱི་ལོ་གཅིག་ནང་ཆོས་ཕྱོགས་ཀྱི་མཛད་རིམ་ངེས་པ་ཁག་ཅིག་འདིར་འགོད་ན། བོད་ཟླ་གཉིས་པའི་ནང་དགའ་ལྡན་སྟག་རྩེ་སྒྲུབ་མཆོད་ཅེས་ཡོངས་སུ་གྲགས་པ་དེའི་སྐབས་གྲུབ་ཆེན་ལུ་ཨི་པའི་ལུགས་ཀྱི་དཔའ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་སྒྲུབ་མཆོད་ཆེན་མོ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་འཚོགས་སྲོལ་ཡོད།

༼བོད་ཟླ་གསུམ་པའི་ནང་གསང་ཕུ་དབྱར་ཆོས་འཚོགས་སྐབས་ཁང་ཚན་གྱི་དཔེ་ཆ་བ་རྣམས་ནས་ཉིན་གཉིས་རིང་གནས་བཅུའི་ཆོ་ག་རྒྱས་པ་འདོན་སྲོལ་ཡོད། འདིའི་སྐབས་དགེ་བསྐོས་ནས་ཀྱང་འཚོགས་གཞན་དང་། ཆོས་ར་སོགས་ལ་དམིགས་བསལ་གནང་གི་ཡོད། འདི་བོད་ས་མ་ཤོར་གོང་གི་ཡིན།༽

བོད་ཟླ་དྲུག་པའི་ནང་ཁང་ཚན་རང་གི་བདེ་མཆོག་ཆོག་གྲྭ་བ་རྣམས་ནས་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བདེ་མཆོག་གི་བདག་འཇུག་སྨོན་ལམ་ཤིས་བརྗོད་སོགས་སྤྱི་འགྲོས་ལྟར་དང་། བོད་ཟླ་བརྒྱད་པ་དང་དགུ་པ་གང་རུང་ནང་ཚེས་གྲངས་ངེས་མེད་ཀྱི་ཆོས་བརྡ་བརྒྱབ་ནས་རྣམ་སྲས་གཡང་སྒྲུབ་ཉིན་གསུམ་དང་། མགོན་ཆོས་ལྔའི་གཏང་རག་བསྐང་གསོ་ཉིན་གཅིག་བཅས་ཉིན་བཞིའི་རིང་འཚོགས་དགོས། བོད་ཟླ་བཅུ་གཅིག་ཚེས་ཤར་ལ་གྲྭ་མང་ཡོངས་ནས་མགོན་ཆོས་ལྔའི་བསྐང་གསོ་གྲྭ་ཚང་གི་དུས་བཟང་ཇི་བཞིན་དབྱངས་རོལ་རྒྱས་པ་དང་བཅས་སྐུ་རིམ་ཆེན་མོ་ཉིན་གཉིས་དང་། ཁང་ཚན་འདིའི་སྲུང་མའི་གཙོ་བོ་འདོད་ཁམས་ཀྱི་དབང་ཕྱུག་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི་རྒྱུན་མཆོད་ཀྱི་ལོ་གཏོར་བརྗེ་བའི་བསྐང་གསོ་བཅས་འཚོགས་དགོས།

བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ངེས་ཅན་ཐོག་གྲྭ་མང་ཡོངས་ནས་མཚན་ཕུད་དུ་ཁང་ཚན་འདིའི་སྲུང་མའི་གཙོ་བོ་འདོད་ཁམས་ཀྱི་དབང་ཕྱུག་དཔལ་ལྡན་དམའ་ཟོར་གྱི་རྒྱལ་མོ་རེ་མ་ཏིའི་བསྐང་གསོ་རྟ་དབྱངས་རོལ་ཚིག་རྒྱས་པ་དང་འབྲེལ་བྱིན་འབེབས་དང་རྟེན་འབུལ། མཆོད་གཏོར་དང་བཤེགས་གཏོར་བཅས་འབུལ་སྲོལ་ཡོད། དེའི་ཚུལ་ནི་བོད་ཟླ་བཅུ་གཉིས་པའི་ཚེེས་བཅུ་བཞི་དགོང་མོ་ས་མ་རུབ་ཙམ་ནས་ཁང་ཚན་རྒན་གྱིས་ན་བཟའ་ཟབ་མཆོར་སྤྲས་ཏེ་སྒོ་འཁྱོལ་འོག་ནས་བཀྲ་ཤིས་ཡར་འགྲོའི་རོལ་ཚོགས་ཀྱིས་འཚོགས་བརྡ་རིམ་པ་གཉིས་བཏང་བའི་རྗེས་གྲྭ་མང་རྣམས་འུར་ཆིར་ལེར་ཚོགས་ལ་ཕེབས་དགོས།

དབུ་མཛད་ལགས་ནས་འདོན་པ་དབུ་བསྐུལ་གནང་། བྱིན་འབེབས་དུང་དང་རྒྱང་གླིང་བཅས་རོལ་ཚིགས་རྒྱས་པ་དལ་ལྷོད་གནང་ནས་ཚོགས་གྲོལ། དེ་ནས་ཁང་ཚན་གྱི་ཡོངས་ཐོག་ནས་དུང་དང་རྒྱང་གླིང་སྤེལ་བའི་སྙན་གསན་རིམ་པ་གསུམ་ཕུལ་བ་ན་ད་གདོད་ཁང་ཚན་གྱི་གྲྭ་མང་རྣམས་ཤུགས་གཅིག་མ་གཉིས་དང་བཅས་འཚོགས་དགོས། འདིའི་སྐབས་སུ་དུང་དང་རྒྱང་གླིང་སྦུབ་གསུམ་ཀ་དུས་མཉམ་དུ་འབུད་བརྡུང་བྱེད་སྲོལ་ཡོད། དེ་ནས་ཚེས་གཏོར་དངོས་གཞི་འདོན་པ་དབུ་བསྐུལ་གནང་ནས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བདག་བསྐྱེད་རྒྱས་པ་དང་འབྲེལ་ལྷ་མོའི་བསྐང་གསོ་དབྱངས་དང་རོལ་ཚིགས། དུང་དང་རྒྱང་གླིང་སོགས་གང་རྒྱས་ཀྱིས་སྒོ་ནས་སྤྱི་འགྲོས་ལྟར་དང་། གཞན་ཚོགས་མཆོད་དང་གཤེགས་གཏོར། རྟེན་འབུལ་དང་མངའ་གསོལ་སོགས་ཡོངས་སུ་རྫོགས་པ་འདོན་དགོས། ཞོགས་པ་ལག་རིས་མཐོང་ཙམ་ནས་གཤེགས་གཏོར་འབུལ་བ་དང་དེ་ནས་མཇུག་བསྡུ་དང་ཤིས་བརྗོད་བཅས་མདོར་ན་མཚན་གང་འཚོགས་དགོས།

གཞན་ཡང་རྒྱུན་དུ་ཟླ་བ་རེ་བཞིན་ཆོས་བརྡ་བརྒྱབ་ནས་ལྷ་མོ་ཁང་དུ་ཟླ་བསྐང་འཚོགས་དགོས་དང་། ལོ་འཁོར་གཅིག་ནང་གྲྭ་མང་ཞབས་རིམ་མ་མོའི་འཁྲུངས་སྐོང་རྒྱས་པ་སོགས་ཞབས་རིམ་ཆེ་ཆུང་ཁག་གང་འཚམས་ཞིག་སྨིན་སྒྲུབ་ཞུ་སྲོལ་ཡོད། གཙོ་ཆེ་ཤོས་ནི་ཁང་ཚན་གྱི་དགེ་འདུན་དབུ་བླ་སྤྲུལ་ཁག་ནས། མཇུག་གསར་ཞུགས་པ་ཡན་རྒྱུན་དུ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་རང་དོན་རང་གཅེས་ཀྱི་སྒོ་ནས་འབད་བརྩོན་ལྷོད་མེད་གནང་ནས་གྲྭ་ཚང་གི་བྱེད་སྒོ་རྣམ་བཞག་སྤྱི་མཚུངས་དམ་བཅའ་རིང་ཐུང་ཁག་དང་། འཇང་དགུན་ཆོས། གསང་ཕུ་དབྱར་ཆོས་སོགས་ཆོས་ཐོག་ཁག་གི་བྱེད་སྒོ་རྣམས་དང་། གཞན་ཡང་བྱ་བ་ལས་ཀྱི་འཁོར་ལོ་སོགས་གང་ཅིའི་ཐད་དངོས་ཤུགས་བརྒྱུད་གསུམ་ནས་ནུས་སྟོབས་གང་འཚམས་ཞིག་གནང་གི་ཡོད། དམིགས་བསལ་ཁང་ཚན་འདི་ཉིད་ཀྱིས་ཆོས་མཚམས་སྐབས་སུ་སློབ་གཉེར་འཕེལ་རྒྱས་ཡོང་ཆེད་འཛིན་གྲྭ་ཕན་ཚུན་བཟང་འགྲན་གྱི་ཚུལ་དུ་དམ་བཅའ་འཚོགས་གནང་གི་ཡོད། དེ་ནི་དུས་རབས་ཉི་ཤུ་པའི་ནང་ཁང་ཚན་གྱི་མཁས་དབང་རྣམས་ཀྱིས་གསར་འཛུགས་གནང་བ་ཡིན།། རྒྱུན་དུ་དགོང་མོ་ཕྱག་ཚོད་དགུ་དང་ཕྱེད་ཀ་ནས་བཅུ་དང་ཕྱེད་བར་ཁ་དོག་དཀར་དམར་ནས་དབུ་མ་ལོ་རིམ་གསུམ་པའི་བར་སྐྱོར་བརྡ་ཚོགས་དང་ཚོགས་བཞིན་པ་བཅས་སོ།

Let's Get
Social

  • Facebook
  • Twitter
  • LinkedIn
  • Instagram
bottom of page