top of page
Potala_palace21_edited.jpg
gautam-buddha-1-16526339213x2.jpeg

མཁན་རབས་དོན་བཞི་པ་མཚུངས་མེད་ཆོས་ཀྱི་རྗེ་རྒྱ་མཚོ་དབང་ཕྱུག་མཆོག་གི་ལོ་རྒྱུས་སྙིང་བསྡུས།།

  • Facebook
  • Twitter
  • LinkedIn
  • Instagram

མཁན་རབས་དོན་བཞི་པ་མཚུངས་མེད་ཆོས་ཀྱི་རྗེ་རྒྱ་མཚོ་དབང་ཕྱུག་མཆོག་གི་ལོ་རྒྱུས་སྙིང་བསྡུས།།

མཁན་བརྒྱུད་གསོལ་འདེབས་བྱིན་རླབས་མྱུར་འཇུག་ལས། གཞུང་ལུགས་རྒྱ་མཚོ་སྨྲ་བའི་དབང་ཕྱུག་ཆེ། ཞེས་བསྔགས་པ་མཚུངས་མེད་ཆོས་ཀྱི་རྒྱ་མཚོ་དབང་ཕྱུག་ནི། མདོ་སྟོད་ཆབ་མདོའི་ཁོངས་རྔུལ་ཡུ་སྐྱ་ཁ་ཚང་གི་ཉེ་འདབས་སྒོ་གཉའ་ཚང་ཞེས་པའི་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་གདོང་ངན་ཞེས་པ་མེ་ཕོ་སྤྲེའུའི་ལོར་ཡབ་བསྟན་བསམ་དང་ཡུམ་གྲོ་རིལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕྱོགས་དེར་བཞུགས་པའི་རི་ཁྲོད་བླ་མ་ཞེས་པ་ཞིག་གིས་གུ་དྲག་ཅེས་བཏགས་ཤིང་རིམ་གྱིས་སོ་སོར་ཐར་པའི་སྒོར་རབ་ཏུ་བྱུང་སྟེ་མཆན་རྒྱ་མཚོ་དབང་ཕྱུག་ཅེས་གསོལ། དགུང་གྲངས་བཅུ་དགུ་པ་ཤིང་སྟག་ལོར་འཁྲུངས་ཡུལ་ནས་ཡུལ་དབུས་ལྷ་སར་ཕེབས་ཏེ་དགའ་ལྡན་ཤར་རྩེའི་ཁོངས་ལྷོ་པ་མི་ཚན་ཤོད་དུ་སྒྲིགས་ཞུགས་མཛད། དགེ་བའི་བཤེས་གཉེན་ཆེན་པོ་ལྷོ་པ་སྐྱོར་དཔོན་བློ་བཟང་རྣམ་རྒྱལ་དཔེ་ཁྲིད་ཀྱི་རྩ་བའི་དགེ་རྒན་དུ་བསྟེན་པ་དང་། གཞན་ཡང་ཕུ་ཁང་དགེ་བཤེས་ག་ལི་རིན་པོ་ཆེ་བློ་བཟང་དོན་སྒྲུབ། འབྲས་བློ་གླིང་ཉག་རེ་དགེ་བཤེས་ལོ་ཡག་སོགས་བསྟེན་ནས་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཛད་ཅིང་། ཕར་ཕྱིན་འཛིན་གྲྭ་རྫོགས་མཚམས་སུ་འཛིན་གྲྭ་གཅིག་པའི་སློབ་གཉེར་བ་རྣམས་ཀྱིས་ཞུ་བསྐུར་ལྟར་ཕར་ཕྱིན་དམ་བཅའ་འཇོག་གནང་མཛད། ཡང་སྟེང་ཕུན་ཚོགས་མཁས་མཆོག་ཅེས་པའི་མཁས་དབང་དེ་དང་ལྷན་དུ་དགེ་བཤེས་ཆུང་ཁག་རྡོ་རམས་པ་དང་། རབ་བྱུང་བཅུ་དྲུག་པའི་མེ་མོ་གླང་གི་ལོར་དུས་ཕྱིས་བྱང་རྩེ་ཆོས་རྗེར་ཕེབས་པའི་སེར་སྨད་གཞུང་པ་ངག་དབང་མཁས་བཙུན་སོགས་དང་ལྷན་དུ་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་མཛད་ཅིང་། གཞུང་གནས་ནས་ལོ་དེའི་ཨང་ལྔ་པའི་གཟེངས་སུ་བསྟོད། འདི་པས་སློབ་གཉེར་མཛད་སྐབས་ཚོགས་ལངས་ཀྱི་རྟགས་བསལ་སྟ་གོན་དགེ་རྒན་ལྷོ་པ་སྐྱོར་དཔོན་ནགས་ཤོད་ཁང་དུ་བཞུགས་ཡོད་པར་ཕྱི་དྲོ་བསྐྱོད་པར་བཀའ་མོལ་སྣ་ཚོགས་དང་དཔེ་འཁྲིད་བཅས་ལ་ཡུན་འགོར་གྱིས་ནམ་ཕྱེད་ཡོལ་ཙམ་གྱུང་ཅིང་། ཕྱིར་ལོག་མཛད་སྐབས་ཟླ་དཀར་ཤིན་ཏུ་གསལ་བས་དཔེ་འཁྲིད་བྱས་པའི་དོན་ལ་བསམ་མནོ་གཏོང་བཞིན་དུ་སྤྱི་སོོ་ཆོས་རྭ་ནས་ཚུར་ཕེབས་པར། ཚོགས་ཆེན་རྡོ་སྐས་ནས་མར་བུད་མེད་སླེལ་པོ་ཁྱེར་བ་ཞིག་བབས་ནས་ཡོང་བ། ཉིན་མོའི་སྣང་བ་སྣང་མེད་དུ་ཐལ་བ་སྤྱི་སོ་མཆོད་རྟེན་ཡོད་ས་ཟླ་དཀར་གྱི་གྲིབ་སོ་གཟིགས་པས་མཚན་མོ་ཡིན་པ་ཐུགས་དྲན་གསོས་ཏེ་ཕྱིར་བལྟས་མཛད་སྐབས་བུད་མེད་དེ་མི་འདུག་པར་བརྟེན་འཇིགས་སྣང་བྱུང་འདུག་པ། གསུང་རབ་ཟབ་མོའི་དོན་ལ་དཔྱད་པ་མཛད་པའི་སྟོབས་ཀྱིས་བར་ཆད་ཀྱིས་མི་ཚུགས་པ་བྱུང་བར་སེམས། ཡང་སློབ་གཉེར་སྐབས་ཤིག་ཏུ་དབུས་ཁུལ་དུ་འབྲུམ་ནད་མཐུ་མོ་ཆེ་བྱུང་བར་བརྟེན་ཕ་ཡུལ་ཕྱོགས་སུ་ཕེབས་འདོད་ཤར། གསང་ཕུ་དབྱར་ཆོས་གྲོལ་ནས་ཡར་ལམ་དཔེ་ཆ་དྲག་གྲས་སྐར་མདའ་བ་ཞེས་པ་སོགས་དཔེ་ཆ་བ་ལྔ་དྲུག་ཅིག་དང་ལྷན་དུ་ཕེབས་ཏེ་བདེ་ཆེན་ལ་མ་སླེབས་ཙམ་དུ་ལོ་སྟེང་ཤར་གྱི་ཐད་རྡོག་ཁྲེས་རྣམས་རྒྱ་ལམ་ཁར་བཞག་སྟེ་ལོ་སྟེང་ཤར་དུ་ཆོས་སྐྱོང་བསེ་ཁྲབ་པའི་སྐུ་སྟེན་ཡོད་སྟབས་གསོལ་ཁ་ཞུ་བར་ཕེབས། ཆོས་སྐྱོང་ནས་རོགས་པ་འགའ་ཞིག་ལ་སྐྱོན་མེད་ཅེས་དང་། འགའ་ཞིག་ལ་ཕ་ཡུལ་འགྲོ་ན་ལེགས་ཞེས་དང་། སྐར་མདའ་བར་གངས་རི་སྨུག་པས་འཐུམ་པ་འདྲ་བ་ཞིག་ཡོང་ཞེསགསུངས་པ་ལྟར་ཟླ་བ་གཅིག་ཙམ་ནས་ལྷ་འབྲུམ་གྱིས་འདས། དམ་པ་འདི་ཉིད་ལ་ཁྱེད་ཕ་ཡུལ་དུ་འགྲོ་བ་མི་ལེགས་གྲྭ་སར་སྡོད། སྦྱར་བའི་ཤིང་འགོ་བཟོ་ཉེས་ཀྱང་ཀ་གདུང་ཉན་པའི་དུས་ཤིག་ཤར་ཡོང་ཞེས་གསུངས་པ་ལྟར་འཁྲུངས་ཡུལ་ཕྱོགས་སུ་མི་ཕེབས་རྒྱུའི་ཐག་གཅོད་མཛད། དེ་ལྟར་ཆོས་སྐྱོང་གིས་ཀྱང་མ་འོངས་པར་ཤར་རྩེ་མཁན་པོའི་ཁྲིར་ཕེབས་རྒྱུའི་ལུང་བསྟན་མཛད་པར་སྣང་། དགེ་བཤེེས་ལྷ་རམས་གྲུབ་ནས་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་འགྲིམ་དང་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ལ་སྦྱང་བར་མཛད། དགའ་ལྡན་ཁྲི་ཆེན་བྱེས་གཙང་ལྷུན་གྲུབ་བརྩོན་འགྲུས་རིན་པོ་ཆེའི་དྲུང་ནས་དབང་དོན་དེ་ཉིད་རབ་གསལ་སོགས་སྔགས་ཀྱི་དཔེ་འཁྲིད་མཛད་དེ།རྒྱུད་སྡེ་རྒྱ་མཚོའི་དོན་ལ་ཐོགས་པ་མེད་པར་འཇུག་པའི་རྣམ་དཔྱོད་ཀྱི་རྩལ་རྫོགས་ཏེ་རབ་ཚེས་ས་ཡོས་བྲག་ཡེར་པར་སྔགས་ཀྱི་དམ་བཅའ་བཞག་པ་དང་། དགའ་ཤར་ལྷོ་པ་རྒྱས་སྲས་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་མཛད་དེ་གསན་བསམ་ལ་རྟིང་བསྐུལ་དང་གཟིམ་ཤག་གི་འཛིན་སྐྱོང་སོགས་གང་ཅིར་འགན་བཞེས་མཛད། དེ་ནས་མོ་ཕོ་ཁྱིའི་ལོར་སྟོན་དུས་གོང་དུ་གསལ་བ་ལྟར་༸སྐྱབས་མཆོག་ཟོང་སྤྲུལ་རིན་པོ་ཆེའི་མཛད་ཁུར་བཤོལ་བའི་ཚབ་ཏུ་བཤེས་གཉེན་དམ་པ་འདི་ཉིད་བོད་ཀྱི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེས་ཤར་རྩེ་མཁན་པོར་བསྐོ་གཞག་སྩལ་བ་བཞིན་མཁན་ཁྲིར་ཕེབས། འདིའི་སྔོན་བགྲང་བྱ་གསུམ་གྱི་གོང་དུ་རྒྱལ་སྲས་སྤྲུལ་སྐུའི་གཟིམ་ལམ་དུ་སྒོམ་སྡེ་ཁང་གི་གཟིམ་ཤག་སྒེའུ་ཁུང་ནས་གཟིགས་སྐབས་གྲྭ་ཚང་སྒོ་འཕྱོར་འོག་ནས་ཟོང་བླ་བྲང་གིི་གསོལ་དཔོན་ཆོས་མཛད་བློ་བཟང་ཕུན་ཚོགས་ཀྱིས་ཆོས་གོས་ཤིག་དང་། དེའི་སྟེང་གསེར་ཐེབས་གཅིག་བཞག་ནས་མར་ཁྱེར་ཡོང་བ་དང་ཉག་རེ་ཁྲི་སྤྲུལ་རིན་པོ་ཆེའི་སར་འགྲོ་མཁན་ཡིན་པར་རེད་སྙམ་པའི་མུར་རིམ་གྱིས་སྒོམ་སྡེ་ཁང་གི་ལམ་དུ་ཚུར་སླེབས་སོང་བ། ད་ང་ཚོའི་ཤག་ལས་འོས་མེད་སྙམ་དུ་དགོངས་ནས་ཐབ་ཚང་དུ་ཕེབས་པ་ན། བློ་ཕུན་ཡང་དེ་གར་འབྱོར་ཏེ་སྐུ་ཆོས་དང་གསེར་ཐེབས་གཉིས་གཟིམ་ཤག་གི་ཆུ་ར་མའི་སྟེང་བཞག་ནས་འདི་ཟོང་རིན་པོ་ཆེས་འདི་གར་ཕུལ་ཤོག་གསུངས་བྱུང་ཞེས་བརྗོད་དེ་བྲེལ་ཟིང་གིས་ཕྱིར་ལོག་བྱས་སོང་བ་ཞིག་གི་གཟིམ་ལྟས་བྱུང་འདུག་པ་བཤེས་གཉེན་དམ་པ་འདི་ཉིད་ཤར་རྩེ་མཁན་པོའི་ཁྲིར་ཕེབས་རྒྱུའི་བརྡ་སྟོན་ཡིན་པར་སྣང་། འདི་ཉིད་ཀྱིས་མཁན་པའི་མཛད་ཁུར་བསྐྱངས་པའི་རིང་། དེ་སྔོན་ཤར་རྩེ་གྲྭ་ཚང་གི་སློབ་གཉེར་བ་རྣམས་གསང་ཕུ་དབྱར་ཆོས་སུ་ཕེབས་པ་ཙམ་ལས། འཇང་དགུན་ཆོས་ལ་ཕེབས་སྲོལ་མེད་རུང་། གདན་ས་གཞན་དང་དགའ་ལྡན་བྱང་རྩེ་བ་སོགས་སྔོན་ནས་ཕེབས་མུས་མ་ཟད། འཇང་དགུན་ཆོས་དེར་གདན་ས་གསུམ་གྱི་མཁས་པ་མང་དུ་ཕེབས་པ་ལ་བརྟེན་ནས་ཚད་མའི་གཞུང་གི་རྩོད་པ་ཤིན་ཏུ་སྨར་བས་འཆད་ཉན་ལ་ཕན་ཆེད་ཤར་རྩེའི་སློོབ་གཉེར་བ་རྣམས་འཇང་དགུན་ཆོས་སུ་རྟག་ཕེབས་མཛད་མཐུས་བྱུང་བ་དང་། དགོན་པ་ཉིད་དུ་བསྐང་གསོ་ཆེན་མོ་སོགས་དུས་བཟང་ཁག་ལ་དགོང་དྲོར་ཁང་ཚན་སོ་སོར་རྭ་སྐོར་མ་བཅའ་གསར་འཛུགས་གནང་བ་དང་། གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་འདོན་རྟ་དབྱངས་རྣམས་མི་ཉམས་པའི་ཆེད་གདོང་གྲལ་བ་གྲངས་བཞི་བཅུ་ཐམ་པ་གསར་འཛུགས་མཛད་པ་དང་།སློབ་གཉེར་བ་རྣམས་དཔེ་ཆ་ཐབས་འཚོལ་གྱི་ངལ་བ་མི་དགོས་པར་གཟིགས་བདེ་ཡོང་ཆེད་གྲྭ་ཚང་རང་ཁོངས་སུ་དཔེ་མཛོད་ཁང་གསར་འཛུགས་མཛད་པ་སོགས་གྲྭ་ཚང་གི་འཆད་ཉན་ལ་དོ་དམ་དང་། སློབ་གཉེར་བར་སྨན་ཐབས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་ཏེ་རང་སྐལ་མཁན་པོའི་ཁྲི་ལོ་བཅུ་སོང་བ་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ་ལོར་མཁན་པོ་དགོངས་ཞུ་དང་འབྲེལ་མཁན་ཟུར་མཛད་དེ་བཞུགས་ཀྱང་། ས་ཕག་ལོར་རྒྱ་དམར་ཟིང་འཁྲུག་སྐབས་རྒྱ་གར་དུ་བྲོས་བྱོལ་ཕེབས་མ་ཐུབ་པར་རྒྱ་དམར་གྱི་བཙན་འོག་ཏུ་ཚུད་པ་ད་ཆ་ཇི་ལྟར་བཞུགས་པ་རྟོགས་པར་མ་ནུས་སོ། །

Contact

I'm always looking for new and exciting opportunities. Let's connect.

123-456-7890 

bottom of page