top of page

རྒྱལ་སྲས་གོང་མ་བྱམས་པ་ཆོས་རྒྱལ་དཔལ་བཟང་པོ་མཆོག་གི་ལོ་རྒྱུས།།

  • Facebook
  • Twitter
  • LinkedIn
  • Instagram

རྒྱལ་སྲས་གོང་མ་བྱམས་པ་ཆོས་རྒྱལ་དཔལ་བཟང་པོ་མཆོག་གི་ལོ་རྒྱུས།།

གྲུབ་པའི་དབང་ཕྱུག་རྗེ་བཙུན་མི་ལའི་རྣམ་འཕྲུལ་ལྷོ་པ་རྒྱལ་སྲས་གོང་མ་བྱམས་པ་ཆོས་རྒྱལ་དཔལ་བཟང་པོ་ནི། འོན་གྱི་ཁུལ་དུ་མི་ཚང་ཞིག་གི་གཡོག་མོའི་སྲས་སུ་ཆུ་ལུག་ལོར་བལྟམས། འོན་རྒྱལ་སྲས་རིན་པོ་ཆེའི་ཡང་སྲིད་རྩད་གཅོད་སྐབས་ལྷ་བླ་དུ་མའི་ལུང་རྩེ་མཐུན་གྱི་ཁྱིམ་ཚང་དེ་ལ་འཁྲུངས་ཡོད་པར་གསལ། འོན་ཀྱང་མི་ཚང་དེར་སྦྱིན་བདག་མི་ངོ་དེ་ལ་བུ་ཞིག་དང་གཡོག་མོ་ཞིག་ལའང་བུ་ཞིག་སྐྱེ་རྒྱུ་ཡོད་པར། འོན་ཆོས་སྡིང་རྒྱལ་སྲས་བླ་བྲང་ནས་རྒྱལ་སྲས་རིན་པོ་ཆེའི་ཡང་སྲིད་དུ་མི་ཚང་ངོ་མའི་བུ་དེ་གདན་ཞུ་མཛད་ཅིང་། གཡོག་མོའི་བུ་ལ་བདག་སྤྲོད་མ་བྱུང་། གཡོག་མོ་ཞིང་ལས་སུ་བསྐྱོད་སྐབས་ཞིང་ཁར་བུ་ཆུང་དེ་ཕ་བོང་ཞིག་ལ་བསྙེས་ཏེ་བཞག་དེའི་སྟེང་གོས་ཀྱིས་གཡོག་པ། ཕྱི་དྲོ་ཚུར་བླང་སྐབས་ཕ་བོང་གི་སྟེང་དུ་བུ་ཆུང་གི་སྐུའི་རྗེས་གསལ་བར་བབས་པ་སོགས་དང་། གཞན་ཡང་གཞོན་ནུ་ནས་ལྐོག་གྱུར་གསལ་བར་གཟིགས་པའི་གསུང་དུ་མ་བྱུང་བ་སོགས་ཤིན་ཏུ་གྲགས་ཆེ་བར་གྱུར་པས་ཆོས་སྡིང་བླ་བྲང་གིས་རྒྱལ་སྲས་རིན་པོ་ཆེའི་ཁྲི་ལ་བཀོད་ཐབས་མ་བྱུང་བར། མི་མངོན་པའི་ཚུལ་གྱིས་རང་ཁུངས་མཁར་རྒྱ་དགོན་པར་བདག་སྤྲོད་བྱ་དགོས་ཚུལ་བརྗོད་དེ་མཁར་རྒྱ་དགོན་དུ་བཅུག་པ་རིམ་གྱིས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ལྷོ་པ་ཁང་ཚན་དུ་བཞུགས་ཏེ་སྤྲུལ་སྐུའི་མཚན་བཞེས་མཛད། ཐེ་པོ་རིན་པོ་ཆེ་ངག་དབང་བསྟན་འཛིན་རྒྱ་མཚོ་མཆོག་དང་འཛིན་གྲྭ་གཅིག་ཅིང་ཐུགས་ནང་ཉེ་བས། ཐེ་པོ་ཡོངས་འཛིན་ཉག་རེ་དགེ་བཤེས་གྲོ་ལྟིས་སོགས་ལ་བསྟེན་ནས་བསྡུས་རྭ་ནས་བཟུང་འདུལ་བའི་བར་གཞུང་ཆེན་མོ་རྣམས་ལ་སྦྱངས། དགེ་བཤེས་ལྷ་རམས་པའི་དམ་བཅང་བཞག ། སྐབས་དེར་གྲྭ་ཚང་ལ་འབུལ་སྦྱོར་དུ་དབང་རྫས་ཆ་ལྔ། ཨོ་རུ་སུའི་རྒྱ་སེ་ལས་བསྐྲུན་པའི་ཆོས་སྐྱོང་དྲག་པོ་བསེའི་ཁྲབ་ཅན་གྱི་ལྟོད་ལྷེ་སོགས་འབུལ་བར་མཛད། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ཏེ་གསང་ཆེན་རྒྱུད་སྡེ་བཞིའི་གནད་རྣམས་ལ་སྦྱངས། གྲྭ་སར་སྤྲུལ་སྐུའི་མཚན་བཞེས་མཛད་པ་སོགས་ལ་འོན་ཆོས་སྡིང་བླ་བྲང་གི་ལྟོས་ཕྱོགས་ཤིག་ནས་མི་འདོད་པའི་གཏད་བཅུག་པར་གྲགས་པ། དགའ་ལྡན་གྱི་གཟིམ་ཤག་སྒོམ་བདེ་ཁང་གི་ཕྱོགས་བཞི་ནས་སྐྱིད་གྲོ་ཆོས་སྐྱོང་ནེའུ་ཆེན་པོས་ཕ་རོལ་པོའི་བྱད་གཏད་ཀྱི་ངོ་བོ་རྩངས་པ་སོགས་འབུ་སྲིན་སྣ་ཚོགས་པ་ཁག་བཞི་ནས་བཏོན་པར་མཛད་པ་བྱུང་ཞིང་། དམ་པ་འདི་ཉིད་ཞལ་མི་བདེ་བར་དིག་པ་བྱུང་བའང་གཏད་བཅུག་པ་དེ་ལས་བྱུང་བར་གྲགས། གསེར་སྐོང་རྡོ་རྗེ་འཆང་གི་དྲུང་ནས་ཟབ་རྒྱས་ཀྱི་གདམས་པ་རྒྱ་ཆེར་ནོད་དེ་སྒྲུབ་པ་སྙིང་པོར་མཛད་ཅིང་། དད་ལྡན་གཞལ་ལ་སྐུ་ལུས་ལས་རིང་བསྲེལ་སྲན་མ་ཙམ་བཞེས་ནས་སྩལ་བའང་མང་དུ་ཡོད་པར་སྣང་། གསར་སྐོང་རྡོ་རྗེ་འཆང་གི་གསང་ཡུམ་སེང་གདོང་མའི་རྣམ་སྤྲུལ་ཆོས་སྒྲོན་ལགས་ཕོ་ཉ་མོར་བསྟེན་ཏེ་གསང་ཆེན་ལམ་གྱི་སྙིང་པོ་ཐུགས་ཉམས་སུ་བཞེས་ཏེ་གྲུབ་པའི་གོ་འཕང་མཐོན་པར་གཤེགས་ཤིང་། གསར་སྐོང་རྡོ་རྗེ་འཆང་གིས་ཀྱང་རྗེ་བཙུན་མི་ལ་རས་པའི་རྣམ་རོལ་ཡིན་པའི་ལུང་བསྟན་མཛད། མཁར་རྒྱ་དགོན་པའི་གཟིམ་ཤག་ཏུ་གསར་སྐོང་རྡོ་རྗེ་འཆང་གི་འདྲ་སྐུ་སྨན་འདམ་ལས་བཞེངས་པར་དབུ་སྐྲ་འཁྲུངས་པའི་ངོ་མཚར་ཅན་ཕྱིས་སུའང་མཇལ་རྒྱུ་ཡོད་པ་དང་། གསར་སྐོང་རྡོ་རྗེ་འཆང་གི་ཐུན་མིན་གླཡི་རྣམ་ཐར་དུ་དགའ་ལྡན་ནས་རི་བོ་ཀུན་བཟང་གི་ངོས་སུ་ཕེབས་པའི་མཛད་པ་རྣམས་ཞལ་ཐང་ཁག་གཉིས་བཞེངས་པ་གཅིག་གསེར་སྐོང་བླ་བྲང་དང་། གཅིག་རྒྱལ་སྲས་རིན་པོ་ཆེར་སྩལ་བ་སོགས་ཐུགས་ཀྱི་སྲས་མཆོག་ཉིདདུ་མཛད་པར་སྣང་། མཐར་དགུང་གྲངས་བཞི་བཅུ་ཞེ་གཅིག་པ་ཆུ་ཕག་ལོར་ཞི་བའི་དབྱིངས་སུ་གཤེགས། རྗེ་དེ་ཉིད་ཀྱི་མཆོག་སྤྲུལ་བློ་བཟང་འཇམ་དཔལ་རྒྱ་མཚོ་ཤིང་གླང་ལོར་འཁྲུངས། ཤར་རྩེ་ལྷོ་པ་ཁང་ཚན་དུ་སྒྲིགས་ཞུགས་དང་། གསན་བསམ་མཛད་དེ་ཁོ་བོ་དང་ལྷན་དུ་རབ་རྒྱལ་ས་བྱི་ལོར་ལྷ་ལྡན་སྨོན་མ་ཆེན་མོའི་གྲྭ་སྐོར་དམ་བཅའ་དང་། དེ་རྗེས་རྒྱུད་སྟོད་དུ་ཆོས་འགྲིམ་སོགས་མཛད་ཅིང་། continuing

Contact

I'm always looking for new and exciting opportunities. Let's connect.

123-456-7890 

bottom of page